photo 1
ཆེས་ཐོག་མའི་ལས་རིམ་གྱི་སྣང་བརྙན་གདུང་སེམས་མཉམ་བསྐྱེད།

སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན་སུ་ཇཱ་བོད་ཁྱིམ་སློབ་གྲྭའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགན་འཁུར་རྐང་བཞེས་ཐོག་“མེས་པོ་ཕྱིར་དྲན་གྱི་སྙན་ངག་དགོང་ཚོགས་ཆེན་མོ ”་ཞིག་རང་རེའི་ཚོགས་ཁང་ཕུན་ཚོགས་སྡེ་བཞི་ནང་དུ་ཚོགས་སོང་ལ། དེའི་དགོས་པ་དམིགས་ཡུལ་ནི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པའི་མཛད་རྗེས་དག་ལ་དགའ་མགུ་ཡི་རངས་ངང་ནས་བཀའ་དྲིན་རྗེས་དྲན་དང་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་གདུང་སེམས་མཉམ་བསྐྱེད། བོད་བསྟན་སྲིད་ཀྱི་ཆེད་དུ་རང་ལུས་མཆོད་མེ་བསྒྲོན་སོང་བའི་དཔའ་བོ་དཔའ་མོ་དག་གི་བྱས་རྗེས་རིན་ཐང་ཐད་དུ་སྙན་ངག་གྱེར་འདོན་གྱི་དགོང་ཚོགས་ཤིག་ཚོགས་པ་རེད།

photo 2
སྙན་ངག་དགོང་ཚོགས་ཆེན་མོའི་མདོ་འཛིན་པ་དང་སྐབས་དེའི་སྙན་ངག་གྱེར་མཁན་གྱི་མི་སྣའི་སྣང་བརྙན།

སྐབས་དེར་སློབ་ཕྲུག་བཅུ་གཅིག་ནས་ནས་ཆ་ཤས་བླངས་པ་མ་ཟད། མང་ཆེ་བས་རང་ཉིད་ཀྱིས་བརྩམས་པའི་སྙན་ངག་དག་དགའ་སྐྱོ་ཆགས་སྡང་གིས་ཉམས་འགྱུར་དང་བཅས་གྱེར་འདོན་གནང་སོང་བས་དེར་བཞུགས་ཀྱི་དགེ་སློབ་ཡོངས་ཀྱང་ཁོ་ཚོས་གྱེར་བའི་ཚོར་ཤུགས་དང་མཉམ་དུ་འཐིམས་སོང་ལ་རང་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་རེ་རེ་སྦྱིན་ཡོད་པ་གདོན་མི་ཟ། གང་ལྟར་འདི་དང་ལྟ་བུའི་སྙན་ངག་གྱེར་འདོན་གྱི་ཁ་དབུགས་གསར་བ་ཞིག་ཡུལ་གྱར་བའི་གནས་སུ་སྤེལ་འགོ་ཚུགས་པའང་སློབ་གྲྭ་འདི་ཉིད་ལས་མ་འདས་ལ། ད་ལྟ་ད་དུང་ཡིན་ནའང་མ་ཉམས་རྒྱུན་འཛིན་ངང་ནས་དར་སྤེལ་གནང་བཞིན་པ་འདི་དག་ནི་དགའ་བའི་ཡུལ་དང་བསྟོད་པའི་གནས་ལས་མ་འདས་སོ།

                                      བོད་དགེ་ཚེ་རིང་ལོ་བརྒྱས

Advertisements